དེང་རིང་ཁ་སང་མི་མང་པོ་ཞིག་གིས་ལག་ཐོགས་ཁ་པར་ཁོ་ནར་རྒྱུད་ནས་དྲ་རྒྱར་མཐུད་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་སྔར་བཞིན་ཁྱིམ་གྱི་དྲ་རྒྱ་ལ་མིང་རྟགས་འགོད་ཡོད།། ང་རང་ལྟ་བུ་ཚོན་ན་ཁྱིམ་དུ་ WiFi བཙུག་ཡོད། དེ་ལྟར་བཙུག་པའི་རྒྱུ་མཚན་ནི་ལག་ཐོགས་ཁ་པར་མ་ཟད་གཞན་སྒྲིག་ཆས་མང་པོ་ཡོད་པ་ཚང་མ་མཐུད་ཐུབ་ཀྱི་འདུག། སྒྲིག་ཆས་ནང་བརྙན་འཕྲིན་དང་། སྟབས་བདེ་གློག་ཀླད། བྱིས་པའི་གློག་ཀླད་སོགས་ཚུད་ཡོད། ནང་ནས་ཕྱི་ལ་སླེབས་དུས་ང་རང་ནམ་རྒྱུན་ནས་སྤྱི་པའི་ WiFi ལ་མཐུད་ཡ་དགའ། གང་ཡིན་ཟེར་ན་དེའི་མགྱོགས་ཚད་མྱུར་པོ་དང་དྲ་རྒྱའི་གཞི་གྲངས་ཀྱི་འགྲོ་གྲོན་ཡང་སྐྱོབ་ཐུབ་ཀྱི་འདུག། འོན་ཀྱང་ཞབས་ཞུ་གཞན་དང་འདྲ་བར་ WiFi ལ་ཡང་སྐྱོན་ཆ་ཡོད། དེ་རིང་གི་རྕོམ་ཡིག་འདི་ནང་དུ་ངས་ཁྱེད་ལ་མི་སྒེར་གྱི་ WiFi དང་སྤྱི་པའི་ WiFi ཐོག་གོམ་བཤིས་བཟང་པོ་ཁ་ཤས་ངོ་སྤྲོད་དང་རང་གི་གསང་དོན་སྲུང་སྐྱོབས་བྱེད་སྟངས་སྐོར་བཤད་ཀྱི་ཡིན།
སྤྱི་པའི་ WiFi ནི་མང་ཆེ་བ་མི་མང་འདུ་འཛོམས་གནང་སར་རིན་མེད་ངང་དྲ་རྒྱའི་མཐུན་འགྱུར་ཞིག་ལ་གོ་བ་དང་། འདིའི་ནང་གནམ་ཐང་དང་། དཔེ་མཛོད་ཁང་། མགྲོན་ཁང་། སྒོ་ར་སོགས་ལ་ཡོད་པའི་ WiFi རྣམས་ཡིན།
རྟོག་བཟོས་སྒེར་དྲ་བཀོལ་སྤྱོད་བྱེད་སྟངས།VPN
སྤྱི་པའི་ WiFi ལ་མཐུད་བའི་སྐབས་སུ་དྲ་རྒྱའི་འགྲིམ་འགྲུལ་ལ་གསང་སྡོམ་རྒྱབ་ཆེད་རྟོག་བཟོས་སྒེར་དྲ་བཀོལ་སྤྱོད་གནང་རོགས། འདི་ལྟར་བྱེད་ཚེ་དྲ་རྒྱ་གཅིག་གི་རྒྱུད་ལྐོག་ཉན་སོགས་བསམ་ངན་གྱི་བྱ་སྤྱོད་སྤེལ་མཁན་ནས་ཁྱེད་ཀྱི་གཞི་གྲངས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོག་ཡོད།
མ་ཟད་སྤྱི་པའི་ WiFi ལ་མཐུད་བའི་སྐབས་སུ་གལ་ཆེའི་ཉོ་ཚོང་བྱེད་མི་རུང་། དཔེར་ན་དྲ་ཐོག་དངུལ་ཁང་སྤྱོད་པ་ཡང་ན་དྲ་ཐོག་ཅ་ལག་ཉོ་བ་ལྟ་བུ། གལ་ཏེ་དགོས་མཁོ་ཡིན་ཚེ།། ལག་ཐོགས་ཁ་པར་གྱི་དྲ་རྒྱ་བེད་སྤྱོད་བྱེད་པའམ་ཡིད་ཆེས་བྱེད་རུང་བའི་རྟོག་བཟོས་སྒེར་དྲ་སྤྱོད་ནས་བདེ་འཇགས་ལྡན་པའི་ངང་ཉོ་ཚོང་བྱེད་རོགས།།
ཁྱེད་རང་གི་སྒྲིག་ཆས་སྤྱི་པའི་ WiFi བཀོལ་སྤྱོད་བྱས་རྗེས་ངེས་པར་དུ་མཐུད་མཚམས་འཇོག་པ་མ་ཟད་དྲན་པ་བརྗེད་དུ་བཅུག་དགོས། འདི་ལྟར་བྱས་ན་སྒྲིག་ཆས་ཀྱི་གནོད་འཚེ་ཐེབས་སྲིད་པའི་དྲ་རྒྱར་མ་འོངས་པ་རང་འགུལ་གྱི་མི་མཐུད་པར་སྔོན་འགོག་བྱེད་ཐུབ།
མཉམ་སྤྱོད་མེད་བཟོས།
སྤྱི་པའི་དྲ་རྒྱ་སྤྱོད་སྐབས་སྒྲིག་ཆས་སྟེང་གི་ཡིག་ཆ་དང་པར་འདེབས་འཕྲུལ་ཆས་མཉམ་སྤྱོད་བྱེད་མི་ཆོག་པ་བཟོས་དགོས། འདི་ལྟར་བྱས་ན་ཆོག་མཆན་མེད་པར་ཡིག་ཆ་སྤྱོད་པའི་ཉེན་ཁ་ཆུང་དུ་གཏོང་
བདེན་པ་གཉིས་ཀྱི་རྭ་སྤྲོད་བེད་སྤྱོད་གཏོང།
ཁྱེད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོ་ཁོངས་ལ་བདེན་པ་གཉིས་ཀྱི་ཪྭ་སྤྲོད་ཡོད་པ་བཟོས་ནས་བདེན་འཇགས་ལྡན་པའི་རང་བཞིན་སུ་འགྱུར་དགོས། གལ་ཏེ་ཁྱེད་ཀྱི་ཁ་བྱང་དང་གསང་ཚིག་ཕྱིར་བསྒྲགས་ཟིན་ནའང་ར་སྤྲོད་ཕར་མ་ནི་ངེས་པར་དུ་དགོས་མཁོ་ཆེ་བའི་ལག་བསྟར་བྱ་དགོས།
ངེས་པར་དུ་སྒྲིག་ཆས་ཀྱི་མཉེན་ཆས་དང་བཀོལ་ཆས་ཀྱི་རྣམ་པ་གསར་ཤོས་རྒྱུན་འཁྱོངས་བྱས་ནས་བདེ་འཇགས་ཀྱི་སྐྱོན་ཆ་མེད་པ་བཟོ་དགོས་ལ། རང་འགུལ་གྱིས་གསར་སྣོན་བྱེད་པའི་ཁྱད་ཆོས་ཡོད་ཚེ་བྱེད་དུ་བཅུག་དགོས།

རང་སོ་སོའི་ཆེད་དུ་བཙུགས་པའི་སྒེར་གྱི་ WiFi ནི་ཕལ་ཆེ་བ་རང་ཁྱིམ་ཡང་ན་སྒེར་གྱི་ཁོར་ཡུག་ལ་མཁོ་འདོན་བྱེད་ཀྱི་ཡོད།
གསང་ཚིག་དང་གསང་སྡོམ་མཁྲེགས་པོ་བཟོས།
རང་སོ་སོའི་ WiFi ཆེད་དུ་གསང་ཚིག་མཁྲེགས་པོ་དང་མི་འདྲ་བ་ཞིག་བཟོས་དགོས་པ་དང་བདེ་འཇགས་ཇི་ཆེར་གཏོང་བའི་ཆེད་ WPA3 གསང་སྡོམ་ཡོད་པ་བཟོས་དགོས།
མགྲོན་པའི་དྲ་བ།
མགྲོན་པའི་ཆེད་ཁེར་རྐྱང་གི་དྲ་བ་ཞིག་གསར་སྐྲུན་བྱེད། འདི་ལྟར་བྱས་ན་ཁྱེད་ཀྱི་དྲ་བ་གཙོ་བོ་བདེ་འཇགས་ངང་ཉར་ཐུབ་པ་མ་ཟད། མགྲོན་པོ་གང་བྱུང་གི་གལ་ཆེན་ཆ་འཕྲིན་སྤྱོད་པར་སྔོན་འགོག་
དྲ་བའི་ལམ་སྟོན་གྱི་གཏན་འཇགས་མཉེན་ཆས་དུས་ཐོག་གསར་སྣོན་བྱེད་དགོས།
དྲ་བའི་ལམ་སྟོན་གྱི་གཏན་འཇགས་མཉེན་ཆས་དུས་ཐོག་གསར་སྣོན་་བྱས་ནས་ངོ་ཤེས་པའི་སྐྱོན་ཆ་རྣམས་སྔོན་འགོག་བྱེད་དགོས། དུས་བཀག་ལྟར་གསར་སྣོན་བྱེད་པའམ་ཡང་ན་ཁྱེད་ཀྱི་དྲ་བའི་ལམ་སྟོན་ལ་རང་འགུལ་གྱིས་གསར་སྣོན་བྱེད་པའི་ཁྱད་ཆོས་ཡོད་ཚེ་ངེས་པར་དུ་སྤྱོད་དགོས།
མཐུད་སྦྱོར་བྱེད་པའི་སྒྲིག་ཆས་ལ་དོ་དམ་བྱ་དགོས།
.དུས་བཀག་ལྟར་མཐུད་སྦྱོར་བྱེད་པའི་དྲ་རྒྱའི་སྒྲིག་ཆས་ཁག་ལ་དོ་དམ་བྱེད་དགོས། ཆོག་མཆན་མེད་པའི་སྒྲིག་ཆས་རྣམས་མཐུད་མཚམས་བཞག་ནས་རང་ཉིད་ཀྱི་དྲ་བའི་བདག་དབང་དུ་དྲ་རྒྱར་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
མེ་གྱང་ཡོད་པ་བཟོས།
དྲ་བའི་ལམ་སྟོན་སྟེང་མེ་གྱང་ཡོད་པ་བཟོས་ནས་ཆོག་མཆན་མེད་པའི་ངང་སྤྱོད་པར་བཀག་འགོག་བྱེད་དགོས་པ་དང་། མེ་གྱང་ལ་ལྟ་ཞིབ་དང་རང་ཉིད་ཀྱིས་བཀོད་སྒྲིག་བྱས་ནས་ཁྱེད་ཀྱི་བདེ་འཇགས་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
དྲ་བའི་ལམ་སྟོན་གྱི་སྒྲིག་འགོད་ལ་སྒྱུར་བ་གཏོང་།
དྲ་བའི་ལམ་སྟོན་གྱི་ཁ་བྱང་དང་གསང་ཚིག་རྣམས་སྒྱུར་བ་བཏང་ནས་ཆོག་མཆན་མེད་པའི་ངང་སྤྱོད་པར་སྔོན་འགོག་བྱ་དགོས།
HTTPS དང་བདེན་འཇགས་ལྡན་པའི་་གྲོས་མཐུན་སྤྱོད་དགོས།
HTTPS ཡོད་པའི་དྲ་ཚིགས་བེད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་བ་མ་ཟད། འབྲེལ་མཐུད་བྱེད་སྐབས་འགྲོ་ལམ་མ་འགོག་པའི་ཆེད་སྒྲིག་ཆས་ནང་བདེ་འཇགས་ལྡན་པའི་གྲོས་མཐུན་རྒྱུད་འབྲེལ་བ་བྱེད་དགོས།།
སྤྱི་པའི་ WiFi དང་མི་སྒེར་གྱི་ WiFi གཉིས་ཀྱི་བདེ་འཇགས་ལ་རྒྱུན་ལྡན་ནས་དོ་སྣང་དགོས་པ་སེམས་ལ་ངེས། གོང་ལ་ཡོད་པའི་མན་ངག་ལ་བརྩི་སྲུང་བྱེད་སྟེ་ཁྱེད་ཀྱིས་དྲ་ཐོག་ཁོར་ཡུག་སྣ་ཚོགས་ཁྲོད་རང་ཉིང་ཀྱི་གསང་དོན་དང་གཞི་གྲངས་ལ་སྲུང་སྐྱོབ་བྱེད་ཐུབ།